བརྙན་གཟུགས་སྟེང་དུ་བརྙན་ཡིག་འཇོག་ཚུལ།

 ༄༅། ། ཟིན་བྲིས་སྔ་མ་ཞིག་གི་ནང་བོད་ཡིག་བརྙན་ཡིག་བདེ་བླག་ཏུ་གཏོང་ཐུབ་པའི་བརྙན་གཏོང་ཆས་ཤིག་གི་མིང་ཙམ་ཞིག་ནི་ངོ་སྤྲད་ཟིན་ལ། ད་རེས་བརྙན་གཏོང་ཆས་དེ་དང་པོ་འཕབ་པ་ནས་བར་དུ་ནང་འཇུག ཡིག་ཚུགས་སྒྲིག་འགོད་ནས་མཐའ་མར་བརྙན་གཟུགས་མིག་གི་བདུད་རྩིར་འཇོ་བའི་བར་གྱི་གོ་རིམ་གཅིག་གཅིག་གཉིས་གཉིས་སྒོས་པར་རིས་དང་སྦྲགས་ཏེ་ཁྱེད་དྲྭ་འབུ་ནག་ལྡང་ཀུན་ལ་ངོ་སྤྲོད་རྒྱུ་ཡིན།


ཀུན་འདུས་བརྙན་གཏོང་ཆས(KMPlayer)(完美解码)འདིས་AVI VCD DVD MPG MP4 RMVB TS TP EVO M2TS MKV OGM MOV SCM CSF FLVསོགས་རྣམ་པ་མང་པོ་གཏོང་ཐུབ་ཅིང་། བོད་ཡིག་བརྙན་ཡིག་གཏོང་སྤྱད་ལ་འདི་ལས་འཚམ་པ་ཞིག་ནི་མེད་པ་འདྲ་མོད། མ་མཐོང་ཕྱིར་ན་མེད་པ་མིན་པས་ཁྱེད་ཅག་གིས་ཀྱང་གཞན་ཚོད་ལྟ་གྱིས་ཤིག བརྙན་གཏོང་ཆས་འདི་གཏོང་ཆས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། བརྙན་ཡིག་གི་གཡས་གཡོན་གོང་འོག་གི་བར་ཐག ཡིག་ཚུགས། འབྲུ་ཚད་སོགས་རང་འདོད་ལྟར་འདེམས་ཆོག
གོམ་པ་དང་པོ། དྲྭ་ངོ་འདི་ལས་http://www.crsky.com/soft/8824.html མར་ཕབ་རྗེས། ནང་འཇུག་བྱེད་ཐབས་ནི་མཉེན་ཆས་བྱིངས་དང་གཅིག་པ་ཡིན་པས་མི་ཤེས་རྒྱུ་ཅང་མེད་དེ། “རྗེས་མ” “རྗེས་མ”ལ་ཆིག་རྡེབ་བྱེད་ཀྱིན་སོང་ན་ལམ་ནོར་མི་འགྲོ་བ་འདྲ།
གོམ་པ་གཉིས་པ། སྔ་ས་ནས་ཕབ་པའི་བརྙན་གཟུགས་དང་བརྙན་ཡིག་གཉིས་ཡིག་ཁུག་གཅིག་གི་ནང་དུ་མིང་གཅིག་པ་བཟོས་ཏེ་འཇོག་དགོས་ལ། བརྙན་གཟུགས་ནི་MKVའམAVIསོགས་བཙིར་བཟོ་བྱས་མེད༼ དེ་རིགས་ལ་གཟོད་བརྙན་ཡིག་བཀལ་ཆོག ༽པ་དེ་རིགས་ཡིན་དགོས། 

༡། བཙིར་བཟོ་མ་བརྒྱུད་པའི་ཟེར་སྔོན(BluRay)དང་། AVI MKVསོགས་རྒྱའི་(人人影视) འམ་གློག་བརྙན་ཐོན་ཁུངས་མོད་པའི་དྲྭ་ཚིགས་སོགས་ནས་འཕབ་དགོས་ལ། སྤྱིར་བཏང་བརྙན་གཟུགས་འདིའི་རིགས་ཀྱི་བོངས་ཆེ་སྟེ། ཆེ་བGBབཅུ་གྲངས་ཡན་དང་ཆུང་བའངMBབརྒྱད་བརྒྱ་དགུ་བརྒྱ་ཡོད་པས། སྲོལ་རྒྱུན་གྱི་ཕབ་ལེན་བྱེད་ཐབས་སྤྱད་ན་ཉིན་ཞག་གཅིག་དགོས་པའང་ཡོད་པས། P2Pལག་རྩལ་གྱི་འཕབ་ལེན་བྱེད་ཐབས་བཀོལ་ན་བཟང་བར་སྙམ་མོད།(ཐབས་འདི་བཀོལ་ནས་ཁོ་བོས་ཀྱང་གློག་བརྙན་GB5ཅན་ཞིག་ཕབ་མྱོང་། དེ་སྐར་མ་འགའ་ཡི་ནང་ཕབ་ཚར་སོང་།) དེའི་ཕྱོགས་ལ་ཁོ་བོའང་རྒྱུས་ཆེན་པོ་མེད་པས། རྒྱུས་མེད་ཀྱིས་རྒྱུས་གཏམ་མི་བཤད་དོ། ། 
༢། དེ་རྗེས་བོད་ཡིག་བརྙན་ཡིག་དྲྭ་ཚིགས་ནས་བརྙན་གཟུགས་གང་དེའི་བརྙན་ཡིག་འཕབ་རྒྱུ། ང་ཚོས SRT ASS བརྙན་ཡིག་གི་རྣམ་གཞག་གཉིས་བཟོ་བཞིན་ཡོད་ཅིང་། SRTནི་བརྙན་ཡིག་དཀྱུས་མ་ཡིན་ཞིང་། ASS ལ་མཛེས་ཁྱད་སོགས་བཏོད་ཡོད་མོད། མཛེས་ཁྱད་དེ་དག་གཅིག་ཀྱང་མ་ལུས་པར་ཇི་མ་ཇི་བཞིན་འཆར་ཐུབ་པའི་བརྙན་གཏོང་ཆས་ཤིག་མེད་པ་འདྲ། ཀུན་འདུས་བརྙན་གཏོང་ཆས་ནང་དུའང་སྒྲིག་བཀོད་ལ་བཟོ་བཅོས་འགའ་བྱས་རྗེས་ASSརྣམ་པ་ཅན་ཡང་འཆར་ཐུབ་མོད། སྤྱིར་བཏང་དུ་SRTདེ་སྟབས་བདེའོ། །
དཔེར་ན། «སྒམ་པོའི་གཏམ་རྒྱུད»ཟེར་བའི་གློག་བརྙན་ལ་མཚོན་ན། དང་པོ་དྲྭ་ཐོག་ནས་དེའི་MKVའམ་གཞན་བཙིར་བཟོ་བྱས་མེད་པའི་རྣམ་གཞག་ཅན་ཞིག་མར་ཕབ། དེ་རྗེས་བོད་ཡིག་བརྙན་ཡིག་ཕབ། དེ་གཉིས་ཀྱི་མིང་གཅིག་པ་བྱས་ཏེ་ཡིག་ཁུག་གཅིག་ཏུ་འཇུག་དགོས། དེ་རྗེས་བརྙན་ཡིག་རང་འགུལ་གྱིས་བརྙན་གཟུགས་ཐོག་ཡར་འཇུག་བྱེད་པ་ཡིན་པས། རང་གི་ལག་པ་འགུལ་བའི་དཀའ་བ་སྤྱོད་མི་དགོས།
གོམ་པ་གསུམ་པ། དེ་དག་གྲུབ་རྗེས། བརྙན་གཟུགས་དེ་ཀུན་འདུས་བརྙན་གཏོང་ཆས་ལམ་ནས་ཁ་ཕྱེ་སྟེ། མཐེབF2མནན་ན་གཤམ་རིས་པར་རིས་འདི་འདྲ་འབྱུང་ཞིང་། དེའི་གདམ་ཐོ་རི་མོར་བསྟན་པ་ནང་བཞིན་ཡིག་ཚུགས་འདེམས་རྗེས་གློག་བརྙན་གྱི་དངོས་གཞི་ལ་ཞུགས་ཆོག ༼གསལ་འདེབས་ཞུ་དགོས་པ་ཞིག་ལ། ཁྱེད་ཀྱི་རྩིས་འཕྲུལ་ནང་དུ་Unicodeཡི་ཡིག་གཟུགས་ཐམས་ཅད་ཡོད་ན་ཡག་ཤོས་རེད། དེ་ནས་རང་ཉིད་དགའ་བའི་ཡིག་ཚུགས་འདེམས་ཆོག ༽

གོ་རིམ་བཞི་པ། Ctrl+[བརྙན་ཡིག་ཇེ་དམའ། Ctrl+[བརྙན་ཡིག་ཇེ་མཐོ། Alt+F1འབྲུ་ཚད་སྐྱེད།༼ ཇེ་ཆེ ༽ Alt+F2འབྲུ་ཚད་སྐྱུང་།༼ ཇེ་ཆུང ༽ Alt+F3འབྲུ་ཚད་བསྐྱར་སྒྲིག ཨང་ཀི1ནས9བར་ནི་བརྙན་ངོས་ཆེ་ཆུང་བསྒྱུར་བྱེད་དེ། 1ཕྱེད་ཀ(50%) 2དཀྱུས་མ།(100%) 3 གཅིག་དང་ཕྱེད་འགྱུར།(150%) 4 ཉིས་འགྱུར།(200%) 5 ཧྲིལ་ངོས། (སྤྱིར་བཏང) གཞན6 7 8སོགས་མཐེབ་གཞན་དག་གི་ནུས་པ་ལག་ལེན་ཁྲོད་དུ་ཤེས་རྒྱུ་གལ་ཆེ་ལ། མྱུར་མཐེབ་འདི་དག་སྤྱད་དེ་བརྙན་རིས་ཆེ་ཆུང་མིག་ལ་བདེ་བ། བརྙན་ཡིག་གི་འབྲུ་ཚད་ཚད་དང་མཐོ་དམའ་རང་གི་བློ་ཁ་དང་འཚམ་པ་བྱས་ཏེ་བརྙན་གཟུགས་ཀྱི་རོ་བཅུད་ལོངས་སུ་སྤྱོད་ཆོག་གོ 


བརྙན་ཡིག་དཀྱུས་མ།

གཡོན་ཟུར་གྱི་རྟགས་དང་བརྙན་ཡིག་གི་ཁ་དོག་སྣ་ཚོགས་པ་ནི་མཛེས་ཁྱད་ལ་བཏོད་པ་ཡིན་པསSRTལ་མེད་དོ། །

གཡས་གཡོན་གྱི་མགོ་གཉིས་ན་ཡོད་པ་ནི་མཛེས་ཁྱད་བཏོད་པ་ཡིན་ཏེ། འདི་ནི་ASSརྣམ་གཞག་ཅན་ཡིན་ནོ། །

དཔྱད་མཆན་ཡོད།