བརྙན་ཡིག་གི་རིགས་དབྱེ་སྟངས་དང་རྣམ་གཞག་ངོ་སྤྲོད།

 བརྙན་ཡིག་ཅེས་པ་ནི་བརྙན་འཕྲིན། གློག་བརྙན། ཟློས་གར་གཏམ་བརྗོད་སོགས་ཀྱི་སྐད་ཆའི་ནང་དོན་རྣམས་བརྙན་ངོས་སུ་ཡི་གེའི་རྣམ་པའི་ཐོག་ནས་མཚོན་པ་ལ་ཟེར།  བརྙན་ཡིག་ལ་རིགས་དབྱེ་ན། 


༡ བརྙན་ཡིག་སྤྱོད་སྟངས་ལ་བརྟེན་ནས།  གཟུགས་རིས་བརྙན་ཡིག  ནང་འཐུམ་བརྙན་ཡིག  ཕྱི་ཡིག་བརྙན་ཡིག་གསུམ་དུ་དབྱེ་ཆོགགཟུགས་རིས་བརྙན་ཡིག་ནི་བརྙན་ཡིག་དང་བརྙན་ཟློས་གཉིས་ཀ་ཕྱོགས་གཅིག་ཏུ་བཙིར་བཟོ་བྱས་པ་ལ་ཟེར། དེ་ནི་བརྙན་ཡིག་ཡིག་ཆ་རྣམས་གཟུགས་རིས་ལ་བསྒྱུར་ཏེ་བརྙན་ཟློས་དང་འབྱར་ནས་ཆ་གཅིག་ཏུ་གྲུབ་པས།  གློག་བརྙན་སྟོན་ཆས་གང་རུང་ཞིག་ཡིན་ཡང་བརྙན་ཡིག་འཆར་ཐུབ་པ་ཡིན།   ཞན་ཆ་ནི་བརྙན་ཡིག་གིས་བརྙན་ངོས་བཟུང་ཞིང་བརྙན་རིས་སྒྲིབ་པས་མི་ཚད། དེ་བསྐྱར་དུ་སྒྲིག་བཟོ་བྱ་ཐབས་མེད།

ནང་འཐུམ་བརྙན་ཡིག་ནི་ཆེད་མངགས་ཀྱི་མཉེན་ཆས་སྤྱད་དེ་བརྙན་ཡིག་དང་བརྙན་ཟློས་གཉིས་ཀ་ཕྱོགས་གཅིག་ཏུ་དོ་པོ་རྒྱབ་པ་ལ་ཟེར། འོན་ཀྱང་བརྙན་ཡིག་གི་ནང་དོན་རྣམས་སྔར་བཞིན་ཡིག་རྟགས་ཡིན་པ་ལས་གཟུགས་རིས་ལ་བསྒྱུར་མེད་ཁར། དེའི་ནང་བརྙན་ཡིག་མང་པོ་མཉམ་དུ་བཏུམ་ཆོག དེས་མི་ཚད་གལ་སྲིད་དགོས་པ་ཡོད་ཚེ་བརྙན་ཡིག་ཁ་ཕྲལ་ནའང་འགྲིག དེ་ལྟར་ལྟད་མོ་བལྟ་སྐབས་ལྟ་མཁན་རང་ཉིད་ཀྱི་དགའ་མོས་བཞིན་བརྙན་ཡིག་འཆར་རྒྱུ་བདམས་ཁ་བྱས་ཆོག དཔེར་ན། DVDདངVOD། དེ་མིནMKVདངAVIརྣམ་བཞག་གི་ཡིག་ཆ།

ཕྱི་ཡིག་བརྙན་ཡིག་ནི་བརྙན་ཟློས་ཕུད་ཁར་ཕྱི་རུང་ད་དུང་བརྙན་ཡིག་གི་ཡིག་ཆ་ཁེར་རྐྱང་ཞིག་ཡོད་པ་ལ་ཟེར། དེ་ནི་བརྙན་ཟློས་དང་བརྙན་ཡིག་གཉིས་པོ་རང་སོར་ལོགས་སུ་ཕྱེ་ཡོད། བརྙན་ཡིག་འདི་རིགས་ཀྱི་ཁྱད་ཆོས་ནི་བརྙན་རིས་མི་སྒྲིབ་པ་དང་། འདོད་མོས་བཞིན་དུས་ངེས་མེད་དུ་རང་དགར་ཡིག་རིགས་གཞན་པའི་བརྙན་ཡིག་བརྗེ་ཆོག་ལ་དུས་ངེས་མེད་དུ་བརྙན་ཡིག་གི་ནང་དོན་ཐད་རྩོམ་སྒྲིག་བྱས་ཆོག  སྐྱོན་ཆ་ནི་ལྟད་མོ་སྟོན་སྐབས་རྙོག་དྲ་ཅུང་ཆེ་ལ།  ད་དུང་དེ་འབྲེལ་གྱི་ལྟད་མོ་སྟོན་བྱེད་ཀྱི་གཏོང་ཆས་དགོས་ཀྱི་ཡོད།  བོད་བརྙན་གྱི་དྲ་ཐོག་ནས་འཕབ་ཐུབ་པའི་བརྙན་ཡིག་ནི་འདིའི་རིགས་ཡིན།༢བརྙན་ཡིག་གི་རྣམ་གཞག་ལ་གཞིགས་ཏེ། .sub .srt .ssa .ass .txtསོགས་ཡོད། 
འདི་གར་དེ་ལས་དྲྭ་ཐོག་ཆེས་ཁྱབ་ཆེ་བའི་རིགས་གཉིས་ངོ་སྤྲོད་བྱས་ཏེ།

srtནི་ཡིག་རྐྱང་གི་བརྙན་ཡིག་རྣམ་བཞག་རེད།  དེ་ནི་ཆེས་སྟབས་བདེ་ཤོས་ཀྱི་བརྙན་ཡིག་རྣམ་གཞག་རེད། གྲུབ་ཆའི་ཐད་གོ་རིམ་ཨང་གྲངས། དུས་མདའ། ནང་དོན་ཡི་གེ་གསུམ་ལས་གྲུབ།


assནི་མཐོ་རིམ་གྱི་བརྙན་ཡིག་རྣམ་བཞག་རེད།  དེ་ནི་srtརྣམ་བཞག་ལས་རིམ་སྤར་བྱས་པ་ཞིག་སྟེ། ཡིག་གཟུགས་ཆེ་ཆུང་དང་བཟོ་ལྟ་སྒྲིག་རྒྱུ། བརྙན་ཡིག་ངོས་གང་བཞག དེ་མིན་འགུལ་རིས་བརྙན་ཡིག་དང་ལས་རྟགས་བཀོད་པ་སོགས་ཀྱི་བརྙན་ཡིག་གི་རྩོལ་ནུས་མང་པོ་ཞིག་གསར་འདོན་བྱས་ཡོད།  Aegisubཡི་ནང་དུ་.sub .srt .ssa .ass .txt རྩོམ་སྒྲིག་བྱེད་ཐུབ་ཀྱི་ཡོད་དོ།  །


གསལ་བཤད།  གསར་བྱུང་ཐ་སྙད་གཅིག་གྱུར་ཡོང་ཆེད། རྩོམ་འདིའི་ནང་གི་བརྡ་ཆད་ཚང་མ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི༼བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད༽ལ་བསྟུན་ཡོད།

དཔྱད་མཆན་ཡོད།