བརྙན་ཡིག་བསྒྱུར་སྐབས་མཉམ་འཇོག་བྱ་དགོས་པ་འགའ།༡

     གཅེར་བསྒྱུར༼མ་བརྙན་ལ་མ་བལྟས་པར་བརྙན་ཡིག་རྐྱང་རྐྱང་བསྒྱུར་བ༽མ་བྱེད་རོགས། ཁ་བརྡ་སོགས་སྐབས་དེའི་བབ་དང་བསྟུན་དགོས་པས་བརྙན་ཡིག་བསྒྱུར་སྐབས་ཡིན་གཅིག་མིན་གཉིས་བསྒྱུར་བྱ་ལ་བལྟ་དགོས།

     ཨང་ཀི་འབྲི་དགོས་སར་འཛམ་གླིང་སྤྱི་སྤྱོད་ཀྱི་ཨ་རབ་ཨང་ཀིའམ་བོད་ཨང་འབྲི་བ་ལས། རབ་ཡིན་ན་ཡི་གེའི་ལམ་ནས་མ་མཚོན། ཡི་གེས་བརྙན་ངོས་ཀྱི་ས་ཟིན་ཚད་ཆེ་དྲགས། དཔེར་ན། ཉིས་བརྒྱ་སུམ་ཅུ་230་རུ་བྲིས་ན་མིག་ལ་བདེ་ཞིང་གོ་བདེའོ། །
      བོད་ཡིག་ཏུ་བསྒྱུར་སྐབས་རང་སྐད་ཀྱི་གཏན་ཚིགས་ལ་མཉམ་འཇོག་དགོས་པ་ལས། ཕྱི་སྐད་དང་རྒྱ་སྐད་ཐད་ཀ་ཐད་སོར་བསྒྱུར་ན་མི་འཚམ་པ་ཅུང་མང་།
      དྲི་རྟགས་སོགས་རྟགས་མཁོ་བ་རྣམས་བཞག་ཆོག གློག་བརྙན་འཕྲིན་འདི་གཟབ་ནན་ཆེ་བའི་རིགས་དང་མི་འདྲ་བར་གཙོ་བོ་མཚོན་སྟོབས་གལ་ཆེན་དུ་བརྩི་བས། མཁོ་མེད་དུ་མི་བསམ་པར་སྤྱོད་རོགས་གནོང་། གམ་ངམ་དམ་ནམ་སོགས་མི་མཁོ་སར་མ་བཀོལ། དཔེ་བཞག་ན། མི་ཨེ་ཡོད་དམ། ལྟ་བུའི “དམ”དོར་ནས་འདྲི་རྟགས་བཞག་ཆོག་པ་ལྟ་བུ།
      མ་བསྒྱུར་གོང་དུ་བསྒྱུར་བྱའི་གློག་བརྙན་དང་འབྲེལ་བའི་ཤེས་བྱའམ་མིང་བརྡ་སོགས་ལ་རྒྱུས་ལོན་བྱེད་པར་ཞུ། དཔེར་ན། ས་འགུལ་གནོད་འཚེའི་སྐོར་གྱི་གློག་བརྙན་བསྒྱུར་དུས་ས་ཁམས་ཤེས་བྱ་ཀློག་པའམ་མིང་མཛོད་ཀློག་པ་སོགས་བརྗེད་མི་རུང་། བརྡ་སྤྲོད་དང་མི་མཐུན་ལ་གོ་བ་ལེན་དཀའ་བའི་ཐ་སྙད་རང་བཟོ་བྱེད་པ་ཤིན་ཏུ་ནས་ཀྱང་དགོས་པ་མེད་པ་ཞིག་རེད།
      བརྙན་ཡིག་མ་བསྒྱུར་གོང་མི་མིང་ས་མིང་སོགས་གཅིག་གྱུར་བྱས་ཚེ་བསྒྱུར་སྐབས་སྟབས་བདེ་པོ་ཡོད། དེ་མིན། ལན་རེར་མིང་འདི་ལ་བསྒྱུར། ལན་རེར་གཞན་ཞིག་ཏུ་བསྒྱུར་ན་བལྟ་མཁན་གྱིས་གོ་ནོར་ཐེབས་སྲིད།
      སྐབས་འགར་ཐ་སྙད་གཅིག་ལ་ཡུལ་སྐད་ཀྱི་དབང་གིས་དོན་ལྡོག་ཡོད་པའང་སྲིད། དཔེར་ན། ཨམ་སྐད་དུ “ཐོན”ཞེས་པ་ས་གཞན་ཞིག་ནས་ཚུར་སླེབས་པའི་དོན་ལ་གོ་སྟེ། ང་ལ་ཡུལ་ལ་ཐོན། ང་སློབ་གྲྭར་ཐོན་ལྟ་བུ་སློབ་གྲྭར་སླེབས་པར་གོ་མོད། དབུས་གཙང་དུ་དེའི་དོན་ཨམ་སྐད་དང་ལྡོག་ཡོད་པ་སྟེ། ང་ཡུལ་ལས་ཐོན། ལྟ་བུ། གོང་གི་གནས་ཚུལ་དེ་འདྲའི་སྐབས་སུ་“སླེབས་”ལྟ་བུ་ཀུན་གྱིས་གོ་བ་ལོན་ཐུབ་པ་དེ་འདྲ་བྲིས་ན་བཟང་། གཞན་ཡུལ་ལུང་ཞིག་གི་ཆེས་སྤྱིར་བཏང་བའི་ཐ་སྙད་ཅིག་གཞན་ཞིག་ནས་ཚིག་བཙོག་ཏུ་འགྱུར་བའང་ཡོད་པས་དེ་རིགས་ལ་གཟབ་དགོས། དཔེར་ན། ཨམ་སྐད་དུ“སྐས་ལ་འཛེགས་”ཀྱི་“འཛེགས་”ལ་འཁྲིག་པ་སྤྱོད་པའི་དོན་ཡང་ཡོད་པ་ལྟ་བུ་དང་། “ཀུ་ཤུ”ནི་ལུང་པ་ལ་ལར་སྐྱེས་པའི་ཕོ་མཚན་ཀེར་མི་ཐུབ་པ་དེའི་རིགས་ལ་གོ་བའང་ཡོད་པས། ལོ་ཙཱ་བ་ཞིག་ཡིན་ཚེ་ཡུལ་སྐད་སོ་སོར་ངེས་ཆ་ཅུང་ཟད་ངེས་པར་དགོས།
    ཨིན་ཡིག་གི “NO”ལྟ་བུ“མིན”ཁོ་ནར་བསྒྱུར་བ་འདྲ་བྱ་མི་རུང་རྐྱེན། “མ”དང་དེ་མཚུངས་ཀྱི་ “མི” “མིན” “མེད” “ཡོད” “འདུག” “སོང” “རེད” “ཡིན” སོགས་རྒྱུན་སྤྱོད་ཀྱི་ཐ་སྙད་མཉམ་མི་འཇོག་པ་དག་མ་ནོར་མ་འཁྲུལ་བར་བཀོལ་བ་གལ་ཆེ།
     དགོས་པ་མེད་སར་ཕྲད་སོགས་སྦྱར་ན་སྐད་ཆ་ཉོག་པོ་མ་བཟོ། སྐད་ཆ་གཙང་གསལ་ཧྲག་པ་ཞིག་དགོས། དཔེར་ན། “ངས་ངའི་ཁྱོ་གར་ང་ལ་མངལ་ཆགས་པའི་སྐོར་མ་བཤད།”ལྟ་བུ་ “ངས་མངལ་ཆགས་པའི་སྐོར་ཁྱོ་གར་བཤད་མེད”ཅེས་ཚིག་བསྐྱུངས་ན་ཀློག་བདེ་ལ་གློག་བརྙན་ལ་ལྟ་ཡང་བདེ།
     བརྙན་ཡིག་ཕབ་ལེན་བྱས་རྗེས་Aegisubལམ་ནས་བཟོ་བསྒྱུར་བྱ་རོགས།

དཔྱད་མཆན་ཡོད།