བརྙན་ཡིག་བསྒྱུར་བའི་གོ་རིམ།

 གོམ་པ་དང་པོ། ལས་བགོས་བྱེད་པ། QQའམ་MSNའམ་བརྙན་ཡིག་ཚོགས་པའི་གླེང་སྟེགས་སྟེང་སྦྱར་ཏེ་འགྲུབ་པར་བྱ་དགོས།

 
གོམ་པ་གཉིས་པ། བརྙན་ཁུངས་ཕབ་ལེན། དྲྭ་བའམ་ཐབས་གཞན་བརྒྱུད་དེ་བཙིར་བཟོ་བྱས་མེད་པའི་བརྙན་ཁུངས་AVI་རྣམ་གཞག་ཅན་ལྟ་བུ་ཕབ་ལེན་བྱ་དགོས། ལོ་ཙཱའི་ཁྲོད་གཅེར་བསྒྱུར(བརྙན་གཟུགས་ལ་མ་བལྟས་པར་བརྙན་ཡིག་ཁོ་ན་བསྒྱུར་པ་ལ་ཟེར)བྱ་མི་ཆོག
 
གོམ་པ་གསུམ་པ། བརྙན་ཡིག་ཕབ་ལེན། དེང་སང་འུ་ཚོས་ཐད་ཀར་རྒྱ་ཡིག་གི་བརྙན་ཡིག་དྲྭ་བ་ནས་བརྙན་ཡིག་ཕབ་ལེན་བྱ་ཆོག་ཅིང་། དེར་དུས་མདའ་སོགས་དང་འཁྲབ་ཚིག་རྒྱ་དབྱིན་ཤན་སྦྱར་སོགས་གང་འདོད་འདོད་ཡོད་པས། དེ་ཕབ་རྗེས་text་སྟེ་ཟིན་ཐོ་འབྲི་སའི་ནང་བསྒྱུར་བཟོ་བྱ་ཆོག(wordརུ་བསྒྱུར་བཟོ་བྱ་ཆོག་ཀྱང་Enter་རྟགས་སོགས་མི་དགོས་ཉོག་དྲ་ཡོད་སྲིད) དུས་མདའ་རང་གིས་བཟོ་བ་སོགས་དགོས་མེད་ཀྱི་ངལ་བ་བསྟེན་མི་དགོས་སོ། །
 
གོམ་པ་བཞི་པ། ལོ་ཙཱ། ༡༑ དབྱིན་རྒྱའི་ཡི་གེའི་ཚབ་ཏུ་བོད་ཡིག་གི་དོན་བྲིས་པས་ཆོག་ལ། ལོ་ཙཱ་གང་ཅི་ཐུབ་ཀྱིས་མ་ཡིག་གི་དོན་དང་བསྟུན་དགོས་ཤིང་། ཐད་བསྒྱུར་དང་སྒྲ་བསྒྱུར་སོགས་ཀྱང་འོས་འཚམས་ཀྱིས་བཀོལ་ཆོག གཞན་རྒྱུགས་ཆེ་བའི་དྲྭ་སྐད་སོགས་ཀྱང་སྤྱད་པར་རུང་། ཡིག་བསྒྱུར་སྐབས་རང་སྐད་རྣལ་མར་བསྒྱུར་ཆེད་ནུབ་གླིང་སོགས་ཀྱི་བཤད་སྲོལ་དམིགས་བསལ་བ་རང་སྐད་ཅན་དུ་གཏོང་མི་འོས་ཏེ། མ་ཡིག་གི་མངར་ཁ་ཅི་ཙམ་འཇོག་ཐུབ་ན་དེ་ཙམ་འཇོག་དགོས།
 
༢༑ ལོ་ཙཱ་བྱེད་སྐབས་ཁ་སྐད་ཀྱི་ལམ་ནས་བསྒྱུར་དགོས་ཀྱང་། ཆབས་ཅིག་ཏུ་ཉུང་ལ་ཧྲག་པ་ཞིག་དགོས། དཔེར་ན།“ང་རང་གི་དམིགས་ཡུལ་དང་ཇེ་ཉེ་ཇེ་ཉེ་རེད།”ཟེར་བ་ལྟ་བུ“ངའི་དམིགས་ཡུལ་འགྲུབ་ལ་ཉེ”ཟེར་བ་ལྟ་བུར་ཚིག་ཉུང་ངུར་བསྒྱུར་ཆོག དེ་མིན་དོན་མེད་པའི་ཡིག་ཚོགས་སྤང་ན་ལེགས་སོ། ། གཞན། འུ་ཅག་བོད་ལ་ཡུལ་སྐད་ཀྱི་ཁྱད་པར་ཅུང་ཆེ་བས། མདོ་དབུས་ཁམས་གསུམ་ཐུན་མོང་གིས་གོ་ཐུབ་པའི་ཕྱོགས་ལ་འབད་པ་ཆེར་བྱ་དགོས་མོད། སྔོན་གྱི་མཁས་པའི་སྐད་ཆ་དང་ཟློས་གར་གྱི་འཁྲབ་ཚིག་ལྟ་བུར་བསྒྱུར་ན་མི་ལེགས་པས། ཡུལ་སྐད་ངེས་པར་སྤྱོད་རྒྱུ་དང་དེ་སྤྱོད་དུས་ངེས་པར་གཟབ་གཟབ་བྱེད་དགོས།
 
༣༑ དེ་ལས་གཞན། མི་མིང་སོགས་མི་བསྒྱུར་བར་མ་ཡིག་སོར་འཇོག་བྱེད་པའམ། བསྒྱུར་སྲོལ་སྤྱི་འགྲོས་ཅན་དང་བསྟུན་ན་འགྲིག སྔར་བོད་ཡིག་ནང་ཡོད་པའི་སྐོར། དཔེར་ན། Bhutanལྟ་བུ་འབྲུག་ཡུལ་དུ་བསྒྱུར་དགོས་པ་སོགས་གཞན་ལ་རིགས་འགྲེའོ། ། དབྱིན་ཡིག་ནང་གི་མིང་སྡུད“YMCA”(ཡེ་ཤུ་ཆོས་ལུགས་ཀྱི་གཞོན་ནུའི་ཚོགས་པ)ལྟ་བུ་ཅུང་གོ་དཀའ་བའི་རིགས་ལ་མཆན་འགྲེལ་ཅིས་ཀྱང་དགོས། བརྙན་གཟུགས་ནང་གི་གླུ་ཚིག་སོགས་སྤྱིར་བཏང་ལོ་ཙཱ་བྱེད་མི་དགོས་སོ། །
 
༤༑ ཡིག་རྟགས་ཀྱི་སྐོར་ནས། བོད་ཡིག་གི་ཁ་སྐད་ལ་མཚོན་སྟོབས་ཆེ་རུ་གཏོང་ཕྱིར། བརྙན་གཟུགས་སོགས་བསྒྱུར་དུས་འདྲི་རྟགས་སོགས་[? ! <<>> “” རུས་དང་མིང་བར་བཀོལ་བའི་རྟགས • སྤྱིར་བོད་ལ་འདི་འཇོག་སྲོལ་མེད་པར། ཞང་ཞུང་ཆོས་དབང་གྲགས་པ་ལྟ་བུར་བར་ཚེག་གིས་བཅད་ཆོག་མོད། ཕྱི་རྒྱལ་བའི་རུས་དང་མིང་བསྲེས་ནས་ཀློག་པར་འགྱུར་བའི་སྐྱོན་ཡོད་པས་•་འདི་བཀོལ་ཆོག་པར་བསམ།(དབྱིན་ཡིག་མཐེབ་གཞུང་གི་འདྲི་རྟགས་སོགས་བོད་ཡིག་གི་ཡིག་ཚུགས་དང་འཚམས)] འོས་འཚམས་ཀྱིས་བཀོལ་ཆོག
 
༥༑ དུས་མདའི་ནང་གི་བརྙན་ཡིག་སྤྱིར་བསྟར་ཀ་གཉིས་ལས་མི་རྒལ་ཞིང་། མཆན་འགྲེལ་དགོས་སར་བསྟར་ཀ་གསུམ་མི་མང་ངོ་། །
གོམ་པ་ལྔ་བ། དུས་མདའ་བཟོ་བའི་གོ་རིམ། བརྙན་གཟུགས་ལ་བརྙན་ཡིག་མེད་ཚེ། འཁྲབ་ཚིག་བཤུ་འབྲི་བྱས་རྗེས་དུས་མདའ་བཟོ་བྱེད་མཉེན་ཆས(SubCreater ཧི་གཟུགས་དང་སྨོན་ལམ་ལ་རྒྱབ་སྐྱོར་ཡོད་མེད་མ་ཤེས། Aegisubམཉེན་ཆས་འདིས་གོང་གི་ཡིག་གཟུགས་ལ་རྒྱབ་སྐྱོར་བྱེད་དོ།) སྤྱད་ནས་བཟོ་བའམ།anSuber འམ་Vobsubམཉེན་ཆས་ཀྱིས་ཞིབ་ཏུ་དུས་མདའ་བཟོ་བཅོས་བྱ་ཆོག
 
མཇུག་མཐར། དུས་མདའ་བཟོ་མཁན་གྱིས་བརྙན་མགོ་ནས་དུས་མདའ་བཟོ་ས་གཉིས་བསྐྱུར་བཞག་རྗེས། གླེང་སྟེགས་ཀྱི་ཆ་འཕྲིན་དང་སྒྲིག་སྦྱོར་མི་སྣའི་མིང་སོགས་བཀོད་ཆོག
གོམ་པ་དྲུག་པ། ཞུ་དག་གི་གོ་རིམ། ལོ་ཙཱའི་གོ་རིམ་རྫོགས་རྗེས་ཚོགས་པ་སྤྱི་པའི་ཡིག་ཟམ(E-mail)སོགས་བརྒྱུད་དེ་འགན་འཁུར་མཁན་གྱི་ཞུ་ཆེན་དང་བརྙན་ཡིག་ཚོགས་པའི་ཚོགས་གཙོ་སོགས་བརྡ་གཏོང་དགོས། ལས་ཀ་རེར་ཞུ་ཆེན་ཞུ་ཆུང་སོགས་མང་དུ་ཡོད་ལ། བརྙན་ཡིག་ཚོགས་པའི་ཞུ་ཆེན་ལ་མཐའ་མའི་ཐག་གཅོད་པའི་དབང་ཆ་ཡོད། ཞུ་དག་བྱ་སྐབས་བརྙན་ཡིག་བརྙན་གཟུགས་སྟེང་བཞག་སྟེ་ལྟ་ཞོར་བཅའ་ཞོར་བྱ་དགོས་པ་ལས། གཅེར་ཞུ་(བརྙན་གཟུགས་ལ་མ་བལྟས་པར་ཞུ་དག་བྱེད་པ)བྱས་མི་ཆོག ཞུ་དག་གི་ནང་དུ་འགྱུར་ཡིག་ཕུད། དུས་མདའ་ལའང་མཉམ་འཇོག་བྱ་དགོས། དེར་བརྟེན། ཞུ་དག་གི་འགན་ཁུར་ཤིན་ཏུ་ལྕི་བས་ནན་ནན་ཏིག་ཏིག་བྱ་དགོས། ཞུ་ཆུང་གིས་ཞུ་དག་བྱས་སྤྱི་པའི་ཡིག་ཟམ་སོགས་སུ་བསྐུར་ཏེ། མཐར། ཞུ་ཆེན་གྱིས་ཞུ་ཆུང་རྣམས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་འགྱུར་ཡིག་གཏན་ལ་འབེབ་དགོས།
 
གོམ་པ་བདུན་པ། སྒྲིག་སྦྱོར་དང་འགྲེམ་སྤེལ། བཙིར་བཟོ་མཉེན་ཆསEasy RealMedia Producerལྟ་བུ་སྤྱད་དེ་བརྙན་ཡིག་སྦྱོར་རྒྱུ་ཕུད། གཞན་ཚོགས་རྟགས་Logo་སོགས་བཟོས་ཏེ་འགྲེམ་སྤེལ་བྱ་རྒྱུ་དེའོ། །

དཔྱད་མཆན་ཡོད།