ཞུ་དག་གི་མྱུར་ལམ་འགའ།

༡། སྒྱུར་མཁན་དབུས་གཙང་ནས་ཡིན་ཚེ་སྤྱིར་དབུ་མེད་འབྲི་བར་གོམས་ཡོད་པས་ཚིག་གི་མཐའི་ཤད་ཀྱི་སྔོན་ལའང་ཚེག་འཇོག་ཅིང་། དེ་ཐག་གཅོད་པ་ལ“འཚོལ་དང་བརྗེ”(Ctrl+H)རུ་འཚོལ་བྱའི་སྟོང་ཆ་རུ“་།”དང་། བརྗེ་རྒྱུའི་སྟོང་ཆ་རུ“།”བཞག་པས་རྗེས། འོག་གི“བརྗེ”(替换)མནན་ནས་བརྗེ་དགོས་པ་རྣམས་རིམ་གྱིས་བརྗེས་ན་འགྲིག་པ་ལས། “全部替换”མནན་ན། ལེགས་བཤད་ལྗོན་དབང་དུ“ང་ཡིག་མ་གཏོགས་ཡིག་ཤད་བར། ། ཚེག་མེད་དེ་སོགས་ཞིབ་ཏུ་འབད”ཅེས་ཚིག་མཐར་ང་ཡིག་ཡོད་པ་དག་གི་ཤད་སྔོན་གྱི་ཚེག་ཀྱང་བསུབ་པར་འགྱུར་བས་ཞོར་སྐྱོན་འབྱུང་།  ཡང་ག་ཡིག་སོགས་རྐང་རིང་དག་ཚིག་མཐར་ཡོད་པ་དག་ལ་ཤད་མི་འཇོག་པར་ཡང་བཤད་མོད། ད་ལྟར་ག་ཡིག་ལ་མི་འཇོག་པ་ཐག་ཆོད་ཡིན།

 
༢། ཞུ་དག་བྱེད་པའི་གོ་རིམ་ཁྲོད་མཐེབ་སྤྱོད་ཆེ་ཤོས་ནི“འཚོལ་དང་བརྗེ”འདི་ཡིན་པ་འདྲ་སྟེ། དཔེར་ན་རྩོམ་ཡིག་ཅིག་གི་ནང་དུ་དག་ནོར་རིགས་གཅིག་མང་དུ་ཡོད་པའམ། བཅའ་དགོས་པ་གཅིག་ལན་གྲངས་མང་དུ་བྱུང་ཡོད་ཚེ། གོང་གསལ་དཔེ་བརྗོད་ལྟར་བཙལ་ནས་མཐེབ་རྒྱག་གཅིག་གིས་ཐག་གཅོད་ཆོག  གུག་རྟགས་ལ་མཚོན་ནའང། རྒྱ་ཡིག་གི()དང་ཨིན་ཡིག་གི()འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ཅིང་། བོད་ཡིག་ལ་ཨིན་ཡིག་གི་གུག་རྟགས་དེ་བཞག་ན་འཚམ་པར་སྣང་།
 
༣། གསལ་བྱེད་གང་གི་འོག་ཏུ་འ་ཡིག་འཇོག་སྐབས། ཐད་ཀརMམནན་ནས་འ་ཡིག་མི་གནོན་པར།  Shift+Aམནན་ན་ལེགས་ཏེ།  “ཙྰ”“ཙཱ”ལྟར་མིག་ལ་མཛེས་མིན་སོགས་ཁྱད་པར་ཆེ་ཞིང་། ལྷག་པར་དེའི་འ་ཡིག་འོག་ཏུའང་ཞབས་ཀྱུ་སོགས་ཡོད་ཚེ་དང་པོ་ལྟར་མནན་པས་དེ་བས་ཀྱང་མི་མཛེས་པར་བྱེད་པས། Shift+འ སྤྱོད་རོགས་གནང་།
 
༤། རྟག་པར་འབྱུང་བའི་བརྡ་སྤྲོད་ཀྱི་གནད་དོན་གཅིག་ནི། ཁྱད་ཆོས་བརྗོད་པའི་མིང་སྔོན་དང་ཁྱད་གཞི་རྗེས་སུ་སྦྱོར་བ་འདི་རེད། དཔེར་ན། གྲགས་ཅན་གྱི་དཔེ་དེབ།  རླབས་ཆེ་ཤོས་ཀྱི་ཚན་རིག་པ་ལྟ་བུ་བོད་སྐད་རྣལ་མའི་དབང་དུ་བྱས་ཏེ་སྤྱིར་བཏང་དུ་འདི་ལྟར་མི་སྦྱོར་བར།  དཔེ་དེབ་གྲགས་ཅན། ཚན་རིག་པ་རླབས་ཆེ་ཤོས། ཀུང་ཟི་ཆེ་ཤོས་སོགས་ལྟར་སྦྱོར་ལ།  དེ་རྒྱ་ཡིག་གི་སྦྱོར་སྟངས་དང་ལྡོག་ནས་ཡོད་པས་མཉམ་འཇོག་པར་འཚལ། (གོ་རིམ་ངོས་འཛིན་སྐབས། དང་པོ་ཁྱད་གཞི་དེ་མཐོང་། དེའི་འཕྲོར་དེའི་ཁྱད་ཆོས་སོགས་མཐོང་བས་བརྡ་སྤྲོད་ཀྱི་སྦྱོར་སྟངས་ཡང་དེ་འདྲ་བྱུང)

དཔྱད་མཆན་ཡོད།