བོད་ཀྱི་བརྙན་ཡིག་ལོ་ཙཱའི་སྐོར་གྱི་ཐོག་མར་གླེང་བ།

 ནང་དོན་གནད་བསྡུས།  འདིར་བོད་ཀྱི་བརྙན་ཡིག་ལོ་ཙཱའི་བརྩམས་ཆོས་དང་རྒྱའི་བརྙན་ཡིག་ལོ་ཙཱའི་དཔྱད་པ་འགའ་གཞིར་བཟུང་ནས།   བོད་ཀྱི་བརྙན་ཡིག་ལོ་ཙཱ་ལས་བརྙན་མིང་སྒྱུར་སྟངས་དང་།  བརྙན་ཡིག་ལོ་ཙཱའི་གོ་དོན་དང་རྣམ་གྲངས། ཚད་བཀག་དང་སྒྱུར་སྟངས་བཅས་ཕྱོགས་ལྔ་ལ་དཔྱད་པ་རགས་ཙམ་བཏང་ཡོད། 

བརྡ་ཆད་གཙོ་བོ།      བརྙན་ཡིག     ལོ་ཙཱ།
 
 གླེང་གཞི། 
       
      ཚན་རིག་ལག་རྩལ་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས། དུས་རབས་བཅུ་དགུ་བའི་ནང་དུ་འཛམ་བུའི་གླིང་འདིར་འདྲ་པར་མང་པོ་གུང་བསྒྲིགས་ཀྱིས་འགུལ་རིས་བཟོ་བའི་གློག་བརྙན་གྱི་རྣམ་པ་ཐོག་མར་བྱུང་ལ།  དེ་རྗེས་འགུལ་རིས་བརྙན་ཡོལ་གྱི་ངོས་སུ་སྟོན་པ་དང་སྐྱ་རིས་མཚོན་རིས་སུ་སྒྱུར་བ། སྒྲ་མེད་སྒྲ་ལྡན་དུ་ཕབ་པ་སོགས་ལག་རྩལ་གོང་ནས་གོང་དུ་ཕྱིན་ཏེ་ད་ལྟའི་དུས་ཀྱི་ཆུ་ཚད་དུ་འཕེལ་བ་རེད།  གློག་བརྙན་ལས་རིགས་ཡར་རྒྱས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ནས་དེ་ཉིད་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལོངས་སྤྱོད་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ལ།  སྤྱི་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་དང་བསྟུན་ནས་བརྙན་གཟུགས་ལོ་ཙཱ་བྱུང་བ་རེད།  དེ་ཡང་བརྙན་གཟུགས་ལོ་ཙཱ་ལ་དབྱེ་ན་སྐད་སྦྱོར་བ་དང་བརྙན་ཡིག་ལོ་ཙཱ་གཉིས་ཡོད་ལ། རང་རེ་བོད་ཀྱི་བརྙན་གཟུགས་ལོ་ཙཱའི་གནས་བབས་ལ་སྦྱར་ཏེ་བཤད་ན། གློག་བརྙན་སྐད་སྦྱོར་གྱི་ཐད་དུ་མཚོ་སྔོན་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་གྲུབ་འབྲས་ཀྱང་ལྟོས་བཅས་སུ་འབུར་དུ་ཐོན་པ་བླངས་ཡོད་དེ། རྒྱའི་བརྙན་འཕྲིན་ཟློས་གར་མང་པོ་ཞིག་ལ་བོད་སྐད་སྦྱར་བ་ནི། དཔེར་ན«ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་ཟིན་ཐོ»དང«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»     «ཆུ་ངོགས་གཏམ་རྒྱུད»དང«ཚང་དུ་ཡིབ་པའི་སྟག་འབྲུག»   «ལྷ་སྲིན་སྡེ་བརྒྱད» དང«དཔལ་རྟུལ་རྣམ་གཉིས» སོགས་མང་པོ་ཡོད་པས་འདིར་རེ་རེ་བཞིན་བགྲང་བའི་དགོས་པ་བྲལ།  བོད་ཀྱི་བརྙན་གཟུགས་ལོ་ཙཱའི་ལས་རིགས་དེ་སྐད་སྦྱོར་དང་ལྟོས་ནས་བཤད་ན་གྲུབ་འབྲས་འདི་ཞེས་ངོམ་དུ་རི་བ་ཞིག་སྟོན་རྒྱུ་མེད་ལ།  ལྷག་དོན་དུ་རང་རེ་བོད་ལ་བརྙན་ཡིག་ཡིག་སྒྱུར་སྐོར་གྱི་གཞུང་ལུགས་ནི་དེ་བས་ཀྱང་ཉུང་དུ་སྣང་།  བོད་ཀྱི་བརྙན་ཡིག་ཡིག་སྒྱུར་གྱི་ཡུན་ཐུང་བའི་ལོ་རྒྱུས་ཁྲོད་དུ་མ་བཤད་ཐུ་མེད་དུ་གྱུར་བ་ནི༢༠༡༠ལོའི་ཟླ་དགུ་བར་པེ་ཅིང་དུ་བཙུགས་ པའི་བོད་ཡིག་བརྙན་ཡིག་ཚོགས་པ"བོད་བརྙན་ཚོགས་ཆུང"དང"བོད་བརྙན་དྲ་བའི"བྱུང་བ་རེད། དེ་ནི་བརྙན་ཡིག་ཡིག་སྒྱུར་གྱི་ཕྱོགས་ལ་མོས་པ་ཡོད་པའི་སློབ་བུ་སྐོར་ཞིག་གིས་བསླབ་ཕྱིའི་དུས་ཚོད་བེད་སྤྱད་ནས་རང་རང་གི་དགའ་ཕྱོགས་ལྟར་མ་གྲོས་གཅིག་མཐུན་གྱིས་མཉམ་དུ་འདུས་ནས་ཚོགས་ཆུང་ཞིག་བཙུགས་ལ། དེ་ནས་རྩ་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་བོད་ཀྱི་བརྙན་ཡིག་ཡིག་སྒྱུར་ལ་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་འབྲི་བར་བརྩོན་གྱིན་ཡོད། ཚོགས་པ་དེས་ད་སྔའི་བར«སྒམ་པོའི་གཏམ་རྒྱུད» དང«ལྷམ་ཆུང་ཆུང»  «ཐྲི་རོ་ཡེ» དང«ཧུ་གོ» སོགས་ཀྱིས་མཚོན་པའི་ཕྱི་རྒྱལ་གྱི་ཕུལ་བྱུང་གློག་བརྙན་བཅུ་ལྷག་སྒྱུར་ཡོད་པར་མ་ཟད། མི་རིགས་གཞན་གྱི་གློག་བརྙན་གྲགས་ཅན་བདུན་ཅུ་ཡས་མས་ངོ་སྤྲོད་དཔྱད་བརྗོད་དང་TEDབོད་འགྱུར་ལས་གཞི་སོགས་ཀྱིས་བོད་ཀྱི་བརྙན་ཡིག་ཡིག་སྒྱུར་ལ་སྐུལ་འདེད་ཆེན་པོ་གཏོང་གིན་ཡོད། བརྙན་ཡིག་ཡིག་སྒྱུར་ལེགས་པོ་ཞིག་འཁྱོངས་པར་གཞུང་ལུགས་ཀྱི་མཛུབ་སྟོན་ནི་ཆད་མི་རུང་མོད། བོད་ལ་མཚོན་ན་བརྙན་ཡིག་ཡིག་སྒྱུར་དར་ནས་ལོ་མང་པོ་འགོར་མེད་པ་དང་། ལྷག་དོན་དེའི་ཐད་ལ་ཆེད་དུ་ཞིབ་འཇུག་བྱེད་པའི་སྡེ་ཞིག་ཆགས་མེེད་པའི་སྟབས་ཀྱིས་འདིའི་ཕྱོགས་ལ་དཔྱད་པ་གཏོང་བ་ནི་ཤིན་ཏུ་ནས་དཀའ་ལ།  དེ་མིན་རང་ཉིད་ཀྱང་བརྙན་ཡིག་ཡིག་སྒྱུར་ལ་ཐོག་མར་འཇུག་མཁན་གྱི་ལས་དང་པོ་བ་ཞིག་ཡིན་པའི་ཆ་ནས་ལྷག་ཏུ་ཉམས་མྱོང་གིས་སྟོང་མོད།  བོད་ལ་བརྙན་ཡིག་ཡིག་སྒྱུར་གྱི་གཞུང་ལུགས་རང་མཚན་པ་ཞིག་ཆགས་ན་སྙམ་པ་དང་གཅིག  བརྙན་ཡིག་ཡིག་སྒྱུར་གྱི་ལས་ལ་འཇུག་པའི་གྲོགས་སུ་རྒྱའི་དཔྱད་གཞི་འགར་ཐོས་བསམ་བྱས་པ་དང་གཉིས་རྒྱུ་མཚན་དུ་བྱས་ནས། ལས་འདིར་དཔྱད་པ་ཕྲན་བུ་ཞིག་གཏོང་བའི་ཀུན་སློང་སྔོན་དུ་སོང་བའོ། ། 
དང་པོ། བརྙན་མིང་སྒྱུར་སྟངས་བཤད་པ། 
     བརྙན་མིང་ལོ་ཙཱ་ནི་བརྙན་ཡིག་ལོ་ཙཱའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། བརྙན་མིང་ལེགས་པོ་ཞིག་གྱུར་རྒྱུ་ནི་གློག་བརྙན་ཚོང་གཉེར་གྱི་ལས་ཀ་བདེ་ལེགས་སུ་འགྲུབ་མིན་གྱི་གནད་འགག་ཅིག་ཀྱང་ཡིན།  དེས་ན་བརྙན་མིང་ལེགས་པོ་ཞིག་བསྒྱུར་ཐུབ་མིན་དེ་བརྙན་མིང་ལོ་ཙཱའི་རྩ་དོན་གཞིར་བཟུང་ནས་སྒྱུར་སྟངས་འཚམ་པོ་ཞིག་སྤྱོད་རྒྱུར་རག་ལས་ལ། དེ་ཡང་བརྙན་མིང་འདོགས་དོན་ཡང་དག་པར་ཤེས་རྒྱུ་ནི་གནད་དམ་པའོ། ། གཤམ་ནས་བརྙན་མིང་ཡིག་སྒྱུར་གྱི་རྒྱུན་སྤྱོད་ཀྱི་ཐབས་འགའ་བཤད་པར་བྱ། 
གཅིག སྒྲ་སྒྱུར་བཤད་པ། 
     «འདིར་སྒྲ་སྒྱུར་ཞེས་པ་ནི་མ་ཡིག་གི་སྒྲ་འདོན་སྟངས་ལྟར་སྒྲ་ཇི་བཞིན་བོད་ཡིག་ཏུ་བསྒྱུར་བ་ལ་གོ་དགོས་ཏེ། དེ་ཡང་གཙོ་བོ་རྒྱ་ཡིག་གི་མིང་བརྡ་ཁ་ཤས་མ་ཡིག་གི་ནང་དོན་ལྟར་བསྒྱུར་ན་ཀློག་མི་བདེ་བའམ་གོ་བ་ལོག་འགྲོ་བའི་ཉེན་ཁ་ཡོད་པས།  དེ་དག་སྒྲ་སོར་འཇོག་བྱེད་པ་» ①ཞིག་ལ་ཟེར་ཞིང་།  བརྙན་མིང་ལོ་ཙཱའི་ཁྲོད་དུ་རྒྱུན་པར་སྤྱོད་པའི་སྒྱུར་ཐབས་ཤིག་ཀྱང་ཡིན་ཏེ།  དཔེར་ན«ཐྲི་རོ་ཡེ» (Troy)དང«ཐེ་ཐན་ནི་ཁི»(Titanic)  «ཨ་ཝ་ཏཱར» (Avatar)དང«ཨེ་མི་ལི» (Amelie)སོགས་མང་པོ་ཡོད། དེ་དག་ལས་མི་མིང་དང་ས་མིང་སོགས་གཏན་ཆགས་སུ་གྲུབ་པའི་མིང་ནི་སྒྲ་སོར་བཞག་བྱེད་པ་ལས་དོན་སྒྱུར་སོགས་ཀྱི་སྒྱུར་ཐབས་སྤྱད་ན་ལྟ་མཁན་གྱིས་ཇི་བཞིན་གོ་བ་ལེན་མི་ཐུབ་པས།  གནས་བབས་དང་བསྟུན་ནས་མི་མིང་ས་མིང་སོགས་བརྙན་མིང་དུ་བཏགས་ཡོད་ཙ་ན་ཐབས་འདི་སྤྱོད་པར་བྱའོ། ། 
གཉིས། དོན་སྒྱུར་བཤད་པ།  
«དོན་སྒྱུར་ནི་ཐད་སྒྱུར་ལ་ལྟོས་ནས་བཤད་པ་ཡིན་ཏེ།  ལོ་ཙཱ་བྱེད་སྐབས་མ་ཡིག་གི་ནང་དོན་དང་རྣམ་པའི་གཉིས་ལས་ནང་དོན་གཙོ་བོར་བཟུང་ཞིང་། འགྱུར་ཡིག་རྣམ་པའི་ཆ་ནས་མ་ཡིག་དང་ཇི་བཞིན་མ་བསྟུན་པར་སྒྱུར་བྱེད་ཡིག་རིགས་ཀྱི་འགྲོས་དང་བསྟུན་ཅི་ཐུབ་བྱེད་པའི་སྒྱུར་ཐབས་» ②ལ་ཟེར་ཞིང་།  ཐབས་འདི་སྤྱོད་ཚད་ཤས་ཆེ་སྟེ།  དཔེར་ན«ལྷམ་ཆུང་ཆུང» (小鞋子)དང«སྐྱེ་རྒ་གོ་ལྡོག»  (返老还童) «དཔའ་བོའི་ཆོད་སེམས» (勇敢的心) དང«ཆང་ཧུབ་ཐེངས་གཅིག་གི་འཕྲུལ་སྣང» (旅行者与魔术师)སོགས་ལྟ་བུ་སྟེ།  དེ་དག་ནི་བརྙན་མིང་གི་ནང་དོན་ནམ་གོ་བ་གཙོར་བཟུང་ནས་བོད་ཡིག་གི་ལམ་དུ་བསྒྱུར་ཡོད།  སྒྱུར་ཐབས་འདི་སྤྱིར་ལོ་ཙཱའི་སྒྱུར་ཐབས་ཁྲོད་སྤྱོད་ཆེ་ཤོས་ཡིན་ལ།བརྙན་མིང་ལོ་ཙཱའི་ཁྲོད་དུའང་དེ་བཞིན་ཡིན་པ་སྨྲ་མི་དགོས་སོ། ། 
གསུམ། ཐད་སྒྱུར་བཤད་པ། 
    «སྤྱིར་བཏང་གི་ཐད་སྒྱུར་ཅེས་པའི་དོན་ནི་བསྒྱུར་བྱའི་ནང་དོན་མ་ཡིག་དང་མི་འགལ་བའི་རྨང་གཞིའི་ཐོག་འགྱུར་ཡིག་གི་རྣམ་པ་དང་ཁྱད་ཆོས་མ་ཡིག་དང་འདྲ་མཚུངས་ཡོང་བ་བྱ་རྒྱུར་དམིགས་ནས་མ་ཡིག་གི་ཚིག་གི་གོ་རིམ་དང་རྩོམ་ལུས་ཀྱི་རྣམ་པ་སོགས་ཇི་བཞིན་བསྒྱུར་བའི་སྒྱུར་ཐབས་ཤིག་ཡིན» ③ཞེས་བརྗོད་ལ། དཔེར་ན«ཞི་བདེ་རྒྱ་མཚོའི་དམག་འཁྲུག» (The Pacific)དང«གདོད་མའི་ཚབ་རྟགས» (The Pacific)སོགས་ལྟ་བུ་མང་དུ་མཆིས།  སྤྱིར་ད་སྔའི་བོད་ཀྱི་ལོ་ཙཱའི་དང་དེ་བཞིན་བརྙན་མིང་ལོ་ཙཱའི་གནས་བབས་ལ་གཞིགས་ནས་བསམ་གཞིག་བཏང་ན། ལོ་ཙཱ་བའི་བློ་སྦྱོང་དམའ་བ་སོགས་ཀྱི་དབང་གིས་ཐད་སྒྱུར་ཤུགས་ཆེ་བའི་སྣང་ཚུལ་རྒྱུན་དུ་མཐོང་སླ་བར་མ་ཟད་རང་ཉིད་ལའང་དེ་ལྟའི་སྐྱོན་ཆ་འདུག་པ་མངོན་གསལ་རེད།  ཐད་སྒྱུར་ནི་ལོ་ཙཱའི་གནས་སྐབས་དང་བསྟུན་ཏེ་འཚམ་པར་སྤྱད་ན་ནི་ཕུན་སུམ་ཚོགས་པའི་རྒྱུ་རུ་འགྱུར་བ་ལས། ཡོད་ཚད་ཐད་སྒྱུར་དུ་སྤེལ་ན་ནི་ཀློག་མཁན་གྱི་གོ་བ་ཡང་དག་ཏུ་ལེན་པའི་གེགས་སུ་འགྱུར་ངེས་པས། བདག་གཞན་ཀུན་ནས་ཐད་སྒྱུར་མ་ནོར་བ་བྱ་རྒྱུའང་གལ་ཆེ་བར་འདོད། 
བཞི། སྒྲ་དོན་འདྲེས་སྒྱུར། 
   «འདིར་སྒྲ་དོན་འདྲེས་བསྒྱུར་ཟེར་བ་ནི་མ་ཡིག་གི་ཐ་སྙད་དེའི་ཕྱེད་ཀ་དོན་སྒྱུར་དང་ཕྱེད་ཀ་སྒྲ་སྒྱུར་བྱེད་པ་ལ་གོ་དགོས» ④ཏེ།  དཔེར་ན«ཁྲུའུ་མེན་གྱི་འཇིག་རྟེན» (The Truman Show)དང«ཏུང་མོ་སྡེ་བར་བྱོན་པ་ལེགས» (Welcome to Dongmakgol)  «ལྕམ་སཱ་ཆེར» (The Iron Lady) «མཐའ་མཇུག་གི་སཱ་མུ་རྱེ» (The Last Samurai)ལྟ་བུ་སྟེ། ཕྱེད་ཀ་བསྒྱུར་མི་གཏུབ་པའི་མི་མིང་ས་མིང་སོགས་དང་ཕྱེད་ཀའི་དོན་སྒྱུར་བ་གཉིས་འདྲེས་མར་བསྒྱུར་བར་བྱེད་པ་ཞིག་ལའོ།། གོང་གི་དེ་དག་ལས་གཞན་བྱེ་བྲག་གི་སྒྱུར་ཐབས་གཞན་ཡང་ཡོད་མོད། འདིར་དེ་ཙམ་གྱིས་འཐུས་པར་བྱའོ། ། 
གཉིས་པ། བརྙན་ཡིག་ལོ་ཙཱའི་གོ་དོན་བཤད་པ། 
      བརྙན་ཡིག་ལོ་ཙཱ་ཞེས་པ་དེར་སྒྲ་ཡངས་དོག་གཉིས་ཀྱི་གོ་དོན་མཆིས་ཏེ།  སྒྲ་ཡངས་འཇུག་གི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་གློག་བརྙན་བརྙན་འཕྲིན་སོགས་བརྙན་གཟུགས་ཀྱི་གབ་པ་དང་མངོན་པའི་མ་བརྙན་གྱི་སྐད་ཡིག་གི་མཚོན་པའི་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་ལམ་ནས་མཚོན་པར་བྱེད་པའི་འགུལ་སྐྱོད་ཅིག་ལ་ཟེར། དེའི་ནང་དུ་གློག་བརྙན་བརྙན་ཡིག་ལོ་ཙཱ་དང་བརྙན་འཕྲིན་བརྙན་ཡིག་ལོ་ཙཱ། གཏམ་བཤད་བརྙན་ཡིག་ལོ་ཙཱ་སོགས་འདུས་ལ།  སྒྲ་དོག་འཇུག་གི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་ང་ཚོས་རྒྱུན་པར་སྤྱོད་པའི་བརྙན་ཡིག་ལོ་ཙཱ་སྟེ། གློག་བརྙན་བརྙན་འཕྲིན་གྱི་བརྙན་རིས་གཤམ་འོག་ཏུ་འཆར་བའི་མངོན་པ་དང་གློག་བརྙན་བརྙན་འཕྲིན་ཁྲོད་གབ་པའི་མ་བརྙན་གྱི་བརྙན་ཡིག་གིས་མཚོན་པའི་བརྡ་འཕྲིན་རྣམས་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་ལམ་ནས་མཚོན་པར་བྱེད་པའི་འགུལ་སྐྱོད་ཅིག་ལ་ཟེར། 
 
གསུམ་པ། བརྙན་ཡིག་ལོ་ཙཱའི་རྣམ་གྲངས་བཤད་པ། 
   བརྙན་ཡིག་ལོ་ཙཱ་ལ་མཐོང་སྣེ་མི་འདྲ་ནས་དབྱེ་བའི་རྣམ་གྲངས་ཀྱང་མི་འདྲ་བར་འབྱེད་རྒྱུ་ཡོད་དེ།  བརྙན་ཡིག་གི་ནང་དོན་གཞིར་བཟུང་ན་མངོན་པའི་བརྙན་ཡིག་ལོ་ཙཱ་དང་གབ་པའི་བརྙན་ཡིག་ལོ་ཙཱ་གཉིས་སུ་དབྱེ།  དེ་ཡང་མངོན་པའི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་བརྙན་རིས་ཀྱི་གཤམ་འོག་ཏུ་མངོན་པའི་མི་སྣའི་སྐད་ཆ་དང་ཁ་བརྡ་དེ་བསྒྱུར་བྱའི་ཡིག་རིགས་ཀྱི་ལམ་ནས་མཚོན་པར་བྱེད་པ་ལ་ཟེར་ཞིང་།  གབ་པའི་བརྙན་ཡིག་ལོ་ཙཱ་ཞེས་པ་ནི་བརྙན་གཟུགས་ཁྲོད་ཀྱི་གནས་དུས་དངོས་པོ་ཅི་རིགས་ཤིག་ལྟ་མཁན་གྱི་གོ་བ་ལེན་བདེ་བའི་ཕྱིར་དུ་གསལ་བཤད་རང་བཞིན་གྱི་རྣམ་པས་མཚོན་པར་བྱེད་པ་ཞིག་ཡིན། 
 
བཞི་བ། བརྙན་ཡིག་ལོ་ཙཱའི་ཚད་བཀག་བཤད་པ།
  བརྙན་ཡིག་ལོ་ཙཱ་ནི་སྤྱིར་ལོ་ཙཱའི་བྱེ་བྲག་ཅིག་ཡིན་པའི་ཆ་ནས་དེ་ལ་ལོ་ཙཱ་སྤྱི་ལ་ཡོད་པའི་ཚད་བཀག་ཡོད་པ་ལས་གཞན་བརྙན་ཡིག་ལོ་ཙཱ་རང་སྟེང་ནའང་ཚད་བཀག་ཡོད་དེ། དེ་ལས་གཙོ་ཆེར་དུས་ཀྱི་ཚད་བཀག་དང་བར་སྟོང་གི་ཚད་བཀག་གཉིས་ཡོད། 
གཅིག དུས་ཀྱི་ཚད་བཀག་བཤད་པ། 
   དུས་ཀྱི་ཚད་བཀག་ལ་གོ་དོན་རིམ་པ་གཉིས་ཡོད་དེ།  གཅིག་ནི་གློག་བརྙན་གྱིས་སྐད་དང་གཟུགས་རིས་རྒྱུན་འཁྱོངས་བྱེད་ཐུབ་པའི་ཡུན་ལ་གོ་བ་དང་།  གཅིག་ཤས་ནི་ལྟ་མཁན་གྱི་བརྙན་ཡིག་ཀློག་པར་མཁོ་བའི་ཆ་སྙོམས་ཀྱི་དུས་ལ་གོ་བ་རེད།  དེ་བས་འདི་ནི་རྩོམ་རིག་རྐྱང་བའི་ཡིག་སྒྱུར་ལས་མི་འདྲ་བའི་དམིགས་བསལ་གྱི་ཚད་བཀག་ཅིག་ཡིན། 
གཉིས་པ།  ཡུལ་གྱི་ཚད་བཀག་བཤད་པ། 
   ཡུལ་གྱི་ཚད་བཀག་ཅེས་པ་ནི་བརྙན་རིས་དང་བརྙན་ཡིག་གི་ཡིག་གཟུགས་ཆེ་ཆུང་།  དེ་བཞིན་བརྙན་ཡིག་གི་ཐིག་ཕྲེང་སོགས་ལ་གོ་བ་ཡིན་ཏེ།  བརྙན་རིས་ཀྱི་ཆེ་ཆུང་དང་འཁྲབ་སྟོན་ པའི་ཁ་དབྱིབས་ཀྱིས་བརྙན་ཡིག་གི་ཆེ་ཆུང་ཐག་བཅད་ཡོད།   དེ་བས་ཡུལ་གྱི་ཚད་བཀག་ཡོད་པས་དབང་གིས་བརྙན་ཡིག་ལོ་ཙཱ་བས་གང་བསྒྱུར་བྱའི་མ་བརྙན་གྱི་ཡི་གེའི་གོ་བ་མ་བོར་བའི་རྨང་གཞིའི་སྟེང་ནས་འཕྲི་བསྒྱུར་དང་བསྡུས་བསྒྱུར་གྱི་ཐབས་ལེགས་པོ་སྤྱོད་པར་མ་ཟད།  དགོས་མེད་ ཀྱི་ཡིག་ཚོགས་སྤང་ནས་གནད་བསྡུས་དོན་གསལ་དུ་བསྒྱུར་བར་འབད་དགོས། 
 
ལྔ་པ། བརྙན་ཡིག་སྒྱུར་སྟངས་བཤད་པ།
བརྙན་ཡིག་ལེགས་པོ་ཞིག་བསྒྱུར་ཐུབ་མིན་དེ་ཡང་་བརྙན་ཡིག་སྒྱུར་སྟངས་ཚད་མཐུན་ཞིག་སྤྱོད་ཐུབ་མིན་ལ་རག་ལས་ཤིང་།  ཅིའི་ཕྱིར་བརྙན་ཡིག་སྒྱུར་བ་དེས་ཇི་ལྟར་བརྙན་ཡིག་བསྒྱུར་བ་ཐག་གཅོད་བྱས་ཡོད། 
གཅིག བརྙན་ཡིག་ཡིག་སྒྱུར་གྱི་དགོས་པ་བཤད་པ། 
༡ དགའ་ཕྱོགས་ཙམ་གྱིས་བརྙན་ཡིག་བསྒྱུར་བ།
མིའི་དགའ་ཕྱོགས་ནི་མཐའ་ཡས་ཏེ། "སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་པ"ཞེས་པ་ཇི་བཞིན།  དགའ་ཕྱོགས་ཁོ་ན་ཙམ་གྱིས་བརྙན་ཡིག་ལོ་ཙཱའི་ལས་སུ་འཇུག་མཁན་ཡང་ཡོད་དེ།  དེ་དག་གིས་སོ་སོའི་འདོད་བློ་བཞིན་གང་བསྒྱུར་བར་བྱ་བའི་བརྙན་ཡིག་དེ་རང་ཉིད་ཀྱི་ཆུ་ཚད་དང་གཞུང་ལུགས་ཀྱི་བློ་སྦྱོང་ལྟར་བསྒྱུར་བ་བྱེད་པའོ། ། 
༢ དགོས་མཁོ་ཙམ་གྱིས་བརྙན་ཡིག་བསྒྱུར་བ། 
འཚོ་གནས་ཀྱིདགོས་མཁོའམ་ལས་ཀའི་དགོས་དབང་གིས་བརྙན་ཡིག་ལོ་ཙཱའི་ལས་སུ་འཇུག་མཁན་གྱི་སྐྱེ་བོ་སྐོར་ཞིག་ཀྱང་ཡོད་དེ། དེ་དག་ནི་ལས་ཁུངས་སམ་རྩྭ་འཛུགས་ཀྱི་བཀའ་བཀོད་ལྟར་བརྙན་ཡིག་ལོ་ཙཱའི་ལས་སུ་ཞུགས་པ་བརྒྱུད་ནས་ལས་ཕོགས་སོགས་དམིགས་འབེན་གཞན་ཞིག་འགྲུབ་པའི་ལག་ཐབས་སུ་བརྩི་བ་རེད། 
༣ དགའ་ཕྱོགས་ཡིན་ལ་དགོས་མཁོར་ཡང་གྲུབ་པ།
འདི་ནི་གོང་གི་མཐའ་དེ་གཉིས་ཀྱི་དབུས་སུ་ཡོད་པའི་ཕུང་བོ་གསུམ་པ་ཞིག་ཡིན་ཏེ།  མཚན་གཞི་ནི། «བོད་བརྙན་ཚོགས་ཆུང» ལྟ་བུ། དེ་ལ་མངོན་གསལ་གྱི་ཁྱད་ཆོས་དྲུག་ཡོད་པར་འདོད་དེ།  བོད་བརྙན་ཚོགས་མི་རྣམས་ཀྱིས།  ⒈སློབ་ཞོར་གྱི་དུས་ཚོད་སྤྱད་ནས། ⒉རང་ཉིད་ཀྱི་དགའ་ཕྱོགས་ལྟར་དུ། ⒊དགོས་མཁོ་དེ་འགྲུབ་པའི་ཕྱིར་དུ། ⒋མ་གྲོས་ཀྱི་གཅིག་ཏུ་འདུས་ནས། 5.རང་རང་གི་འཇོན་ཕྱོགས་ཇི་བཞིན། ⒍གཅིག་མཐུན་གྱི་དམིགས་བྱར་བརྩོན་གྱིན་ཡོད་པའི་རྩ་འཛུགས་ཤིག་ཡིན་པའི་ཕྱིར་རོ། ། 
གཉིས། དགོས་པ་དེར་མཐུན་གྱི་སྒྱུར་སྟངས་བཤད་པ། 
༡ ཡུལ་སྐད་ལ་གཞོལ་ཆེ་བ།
དེ་ནི་ལྟ་མཁན་བྱེ་བྲག་པ་ཞིག་ལ་ཆེད་དུ་དམིགས་ནས་གང་བསྒྱུར་བར་བྱ་བའི་བརྙན་ཡིག་དེ་ཡུལ་སྐད་དེའི་ལམ་ནས་བསྒྱུར་བར་བྱེད་པ་ཞིག་ཡིན་ལ། དེ་ལྟར་བྱས་ན་ལྟ་མཁན་གྱི་མ་བརྙན་གྱི་གོ་བ་བདེ་ལེགས་སུ་ལེན་ཐུབ་པར་ཕན་པ་རྒྱ་ཆེན་པོ་ཡོད།  ཡིན་ཡང་ཡུལ་སྐད་ནི་ཡུལ་ལུང་བྱེ་བྲག་པ་ཞིག་ནས་མ་གཏོགས་མི་སྤྱོད་པས་དེ་ལ་ཡུལ་གྱི་ཚད་བཀག་རང་བཞིན་ཡོད་པ་ནི་སྨྲས་མ་དགོས་པས།  དགོས་མཁོ་བྱེ་བྲག་ཞིག་གི་ཕྱིར་དུ་མ་གཏོགས་ཡུལ་སྐད་ལ་གཞོལ་ཆེ་བར་མ་འཐད་དོ། ། 
༢ ཡིག་སྐད་ལ་ཕྱོགས་ཆེ་བ། 
 དེ་ནི་མ་བརྙན་གྱི་བརྙན་ཡིག་ཡིག་སྐད་ཀྱི་ལམ་ནས་མཚོན་པར་བྱེད་པ་ཞིག་ཡིན་ལ།  སྤྱིར་དེ་ལྟར་བསྒྱུར་བར་འགལ་ཆ་ཆེན་པོ་ཡོད་པར་མ་མཐོང་མོད། བརྙན་ཡིག་ལོ་ཙཱ་ལ་ཡུལ་གྱི་ཚད་བཀག་ཡོད་པ་ལས་གཞན་ལྟ་མཁན་གྱི་དགོས་མཁོར་ཡང་དམིགས་དགོས་པས།  ཡིག་སྐད་ཁོ་ནས་བསྒྱུར་ན་ལྟ་མཁན་གྱི་དགའ་བསུ་ཆེས་ཆེར་ཐོབ་མི་སྲིད་པས།  བརྙན་ཡིག་སྒྱུར་སྟངས་དེ་ཡང་ལེགས་པར་མ་མཐོང་། 
༣ ཡིག་སྐད་གཞིར་བཟུང་ནས་ཡུལ་སྐད་ཀྱིས་ཟུར་རྒྱན་པ། 
 སྤྱིར་ད་ལྟའི་བོད་ཀྱི་བརྙན་ཡིག་ལོ་ཙཱའི་གནས་བབས་དང་སྒོས་སུ་བརྙན་ཡིག་ལོ་ཙཱ་དགོས་མཁོའམ་ཁ་གཏོད་ས་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་གཉིས་སུ་ཕྱེ་རུང་བར་འདོད་དེ། སྤྱིའི་ཆ་ནས་བརྙན་ཡིག་ལོ་ཙཱའི་ཁ་གཏོད་ས་ནི་དམིགས་བསལ་གྱི་ཚོགས་སྤྱི་ཤིག་གི་དགོས་མཁོར་ལྟོས་པ་རེད་དེ། ཚོགས་སྤྱི་དེར་གཤམ་གྱི་དམིགས་བསམ་གྱི་ཆོས་གསུམ་ཚང་ཡོད།  ⒈ཕྱི་སྐད་མི་གོ་བའམ་ཕྱི་ཡིག་མི་རྟོགས་པ། ⒉རང་ཡིག་ཤེས་པ། ⒊གློག་བརྙན་ལ་མོས་པའི་སྐྱེ་བོ་སྐོར་ཞིག་ཡིན་ལ།  བརྙན་ཡིག་ལོ་ཙཱ་བས་བརྙན་ཡིག་ལོ་ཙཱ་བྱས་པ་ལ་བརྟེན་ནས་སྐྱེ་བོ་དེ་དག་གིས་ཕྱི་སྐད་གོ་ནང་བཞིན་ནམ་ཕྱི་ཡིག་རྟོགས་པ་ལྟར་དུ་ཕྱི་སྐད་མི་གོ་བའམ་ཕྱི་ཡིག་མི་རྟོགས་པའི་གེགས་རྒྱ་སེལ་ནས།  རང་ཡིག་ཤེས་པའི་ལེགས་ཆ་བེད་སྤྱད་ནས་ཁོ་ཚོས་ཀྱང་ཕྱིའི་གློག་བརྙན་ཅི་རིགས་གང་འདོད་དུ་ལྟ་ཐུབ་པའི་དགོས་མཁོ་འགྲུབ་པར་བྱ་རྒྱུ་ནི་བླ་མེད་ཀྱི་འགན་འཁྲི་ཞིག་ཏུ་ལྟ་བཞིན་ཡོད།   དེ་ མིན་བྱེ་བྲག་གི་དགོས་མཁོའི་ཐད་ནས།  རྒན་དོར་ཞི་རིན་པོ་ཆེས"དད་ལྡན་མེ་ཏོག་བཙུགས་པ་མཆོད་པའི་ཕྱིར། ། ན་ཆུང་མེ་ཏོག་བཙུགས་པ་རྒྱན་གྱི་ཕྱིར། ། ཚོང་བས་མེ་ཏོག་བཙུགས་པ་རིན་གྱི་ ཕྱིར། །  བསམ་པའི་དམིགས་ཡུལ་སྟེང་ནས་ཐ་དད་གྱུར། ། " ཞེས་པ་གསུངས་པ་ཇི་བཞིན་རེད། དེ་བཞིན་དུ་སྤྱིའི་དགོས་མཁོ་དང་དམིགས་ཏེ་བཤད་ན་ཡིག་སྐད་གཞི་རྩར་བཟུང་ནས་དེའི་སྟེང་ལ་ཡིག་ཐོག་ཏུ་འཁོད་རུང་བའི་སྤྱི་མཐུན་དུ་སྤྱོད་པའི་ཡུལ་སྐད་བཀོད་ན་ནི་བར་སྟོང་གི་ཚད་བཀག་སེལ་བ་དང་ལྟ་མཁན་གྱི་འདོད་བློ་དང་ཡང་འཚམ་པར་འདོད།
 
མཇུག་བྱང་། 
 
      བོད་ཀྱི་བརྙན་ཡིག་ལོ་ཙཱ་ནི་དར་འཕྱི་བའི་ལོ་ཙཱའི་ལས་རིགས་བྱེ་བྲག་པ་ཞིག་ཡིན་ལ།  མིག་སྔར་འདིའི་ཕྱོགས་ལ་ཆེད་དུ་ལས་ཀ་གཉེར་བའི་ལས་ཁུངས་ཡོད་པ་མ་མཐོང་ལ། གཙོ་ཆེར"བོད་བརྙན་ཚོགས་ཆུང"ནས་འདིའི་ཕྱོགས་ལ་མཐའ་གཅིག་ཏུ་ནུས་པ་འབུལ་བཞིན་ཡོད་་པ་ནི་རྗེས་སུ་ཡི་རང་གི་གནས་སུ་མཐོང་ལ།  མ་འོངས་སྤྱི་ཚོགས་འཕེལ་བའི་ལམ་ཁའི་ཁྲོད་དུ་བརྙན་ཡིག་ལོ་ཙཱའི་དགོས་མཁོ་ནི་སྔར་བས་ཁ་ཚ་དགོས་གཏུག་ཏུ་འགྲོ་སྲིད་པས། བརྙན་ཡིག་ལོ་ཙཱ་ཡར་རྒྱས་སུ་འགྲོ་བར་གཞུང་ལུགས་ཀྱི་རྒྱབ་རྟེན་ནི་མེད་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པ།    དེའི་ཕྱོགས་སུ་ལུས་པའི་སྟོང་ཆ་སྐོང་བར་རང་གི་ནུས་པ་འདོན་རྒྱུ་ནི་དེ་ལ་དགའ་ཕྱོགས་ཡོད་མཁན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཞིག་ཏུ་མཐོང་།  དེས་ན་བརྙན་ཡིག་སྐོར་གྱི་རྒྱ་ཡིག་དཔྱད་་གཞི་འགའ་དང་བོད་འགྱུར་བརྩམས་ཆོས་འགའ་གཞིར་བཟུང་ནས་རང་ངོས་ནས་གོ་བ་ལོན་པའི་བོད་ཀྱི་བརྙན་ཡིག་ལོ་ཙཱའི་སྐོར་ལ་དཔྱད་པ་ཕྲན་ཙམ་བཏང་ཡོད་ལ།  རྗེས་མར་ཡང་ཐོས་བསམ་གྱི་བརྒྱུད་རིམ་ཁྲོད་དུ་དཔྱད་པ་འཐུས་ཚང་དུ་འགྲོ་བའི་ཕྱོགས་ལ་འབད་པའི་འདུན་པའང་ཡོད་། 
 
 
ཟུར་མཆན། 
①  འབྲུག་ལྷ་དང་ཟླ་བ་ཚེ་རིང་།  «རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན»  མི་རིགས་དཔེ་སྐྲུན་ཁང་།   ༢༠༠༩ .༨   P157
② གོང་དང་མཚུངས།  P90
③ གོང་དང་མཚུངས། P87
④ གོང་དང་མཚུངས། P158

དཔྱད་གཞིའི་ཡིག་ཆ། 
⑴  འབྲུག་ལྷ་དང་ཟླ་བ་ཚེ་རིང་།  «རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན»  མི་རིགས་དཔེ་སྐྲུན་ཁང་།   ༢༠༠༩ .༨   
⑵ བོད་བརྙན་དྲ་བ།  http://www.bosubtitle.com 
 
                                                                                   གསལ་བཤད།  [དཔྱད་རྩོམ་འདི་རྩོམ་པ་པོས་འདོན་སྤྲོད་བྱས་ཤིང་། འདིས་རྩོམ་པ་པོ་སྒེར་གྱི་ལྟ་བ་ལས་བོད་བརྙན་གྱི་བསམ་འདུན་མཚོན་པའི་ཁྱབ་པ་མེད]

དཔྱད་མཆན་ཡོད།