བརྙན་ཡིག་ལོ་ཙཱའི་ཐད་ནས་མཐོང་བའི་དྲན་འཆར་འགའ།

 བོད་བརྙན་གྱི་ཡིག་སྒྱུར་མཁན་དག་ནི། ཆེད་ལས་ཡིག་བསྒྱུར་མ་ཡིན་ནའང་། སློབ་སྦྱོང་གི་ལས་བྲེལ་ཞོར་དུ་ལྷག་བསམ་ཁོ་ནས་མ་སྐུལ་དང་བླངས་ཀྱིས་འཛམ་གླིང་གི་གྲགས་ཅན་གློག་བརྙན་དག་བོད་ཡིག་གི་ལམ་དུ་སྒྱུར་བཞིན་ཡོད། འདིའི་དམིགས་ཡུལ་གཙོ་བོ་ནི། རང་ཅག་ཁ་བ་རི་བ་དག་ཀྱང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྔོན་ཐོན་རིག་གནས་སྒྱུ་རྩལ་དང་འཚོ་བའི་གོམས་སྲོལ་སོགས་མཉམ་དུ་ལོངས་སུ་སྤྱོད་ཐུབ་པ་དང་། གཉིས་ནས་ཉག་ཕྲ་བའི་རང་ཅག་གི་སྐད་ཡིག་ལ་ཕྱོགས་གཅིག་ནས་གསོན་ཤུགས་གསར་བ་རེ་སྟེར་ཐུབ་པའི་རེ་སྨོན་འོག་ལས་འདིར་འཇུག་བཞིན་པ་གསལ་བོ་རེད། ལས་གང་ལ་འཇུག་ཀྱང་དགེ་སྐྱོན་གཉིས་ཀའི་ཆ་ཡོད་པ་ལྟར། འདིར་ཡང་ཕྲན་ནས་ད་ཐེངས་ཀྱི་བརྙན་ཡིག་ཞུ་དག་སྐབས་ཕྲད་པའི་དོག་འཆར་འགའ་ཡིག་བསྒྱུར་པ་རྣམ་པར་དཔྱད་གཞིར་འབུལ་བ་ལ། 

དང་པོ། གློག་བརྙན་ལ་བརྙན་ཡིག་སྦྱོར་བའི་དམིགས་ཡུལ་ནི་བོད་མི་བྱིངས་ཀྱི་བསམ་བློའི་འཚར་ལོངས་ལ་རམ་འདེགས་དང་། བོད་སྐད་ཡིག་གི་གསོན་ཤུགས་ལ་ཞབས་འདེགས་ཆེད་དུ་ཡིན་པས། དབུས་གཙང་ཁོ་ན་ལྟ་བུ་དང་། ཡང་ན་ཨམ་སྐད་ཁོ་ན་ལྟ་བུ་ཡུལ་ལུང་བྱེ་བྲག་པའི་ཡུལ་སྐད་ཤུགས་ཆེ་དྲགས་ན། སྒྱུར་མཁན་གྱི་དཀའ་ལས་བརྒྱབ་པའི་རྔུལ་ཁྲག་དེ་ཡང་ཡུལ་ལུང་བྱེ་བྲག་པའམ། ཁོར་ཡུག་གུ་དོག་པོ་ཞིག་ལས་བོད་མི་ཡོངས་ཀྱི་སྤྱོད་ཡུལ་དུ་འགྱུར་མི་ཐུབ།
གཉིས་པ། མང་ཚོགས་ལ་བསམ་ནས་བསྒྱུར་དུས་གོ་སླ་བའི་མིང་ཚིག་སྤྱོད་རྒྱུ་གལ་ཆེ་མོད། ཐལ་ཆེ་ན་མ་བརྙན་གྱི་སྒྱུ་རྩལ་རིན་ཐང་ཉམས་འགྲོ་བ་མ་ཟད། འཁོར་འདས་ཀྱི་རྣམ་གཞག་སྟོན་པར་ལོ་ངོ་སྟོང་ཕྲག་དུ་མར་བཙོ་སྦྱང་བྱས་པའི་རང་ཅག་ཁ་བ་རི་བའི་སྐད་ཡིག་འདི་ཡང་བྱིས་པ་བསམ་མེད་ཅིག་གི་སྐད་ཆ་ལྟ་བུར་འགྱུར་རྒྱུའི་ཉེན་ཁ་འདུག་པས། རྗེས་ཕྱོགས་ནས་དེའི་སྐོར་ལའང་གཟབ་རྒྱུ་གལ་ཆེ་བར་སྙམ། 
གསུམ་པ། བསྒྱུར་བའི་གོ་རིམ་ཁྲོད། རྒྱ་ཡིག་གི་མ་ཡིག་ཐད་བསྒྱུར་བྱས་ན་སྐྱོན་མི་ཉུང་བ་ཞིག་ལྷག་བཞིན་འདུག་པས་དེ་དག་བོད་སྐད་ཀྱི་འགྲོས་དང་བསྟུན་ནས་གོ་རྒྱུ་ཡོད་པ་བཟོ་དགོས་པ་འདུག གལ་ཏེ་སྒྱུ་རྩལ་བརྩམས་ཆོས་གྲགས་ཅན་འདི་དག་བསྒྱུར་བའི་གོ་རིམ་ཁྲོད་ནང་དོན་འགལ་བ་དང་ལོག་པར་གྱུར་ཚེ་དེའི་འགན་ཁྲི་ང་ཚོར་ཡོད་པས་དེ་ནི་ཡིག་ནོར་ཙམ་མ་ཡིན་པར། སྒྱུ་རྩལ་བརྩམས་ཆོས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། གྲངས་ཉུང་ནའང་སྤུས་ཚད་ལེགས་པོ་ཞིག་ཡོང་རྒྱུ་དེ་གལ་འགངས་ཆེ་ཤོས་རེད། དེ་ལྟར་བྱུང་ན་མི་རབས་ནས་མི་རབས་སུ་གྲགས་ཅན་སྒྱུ་རྩལ་བརྩམས་ཆོས་འདི་དག་འུ་ཚོའི་ཕྱི་རབས་པ་རྣམས་ལ་ཡང་ཕན་ངེས། 
བཞི་བ། བོད་ཀྱི་བརྡ་སྤྲོད་ལས་བསྟན་པའི་དུས་གསུམ་དང་། བྱ་བྱེད་ལས་གསུམ་སོགས་ལ་གཟབ་གཟབ་བྱེད་དགོས་འདུག དེ་ཁག་པོ་རང་མེད་པར་སྙམ། གཞན་དེ་དག་ལ་དོ་སྣང་མ་བྱས་པས་གཤམ་གྱི་གནད་དོན་དེ་དག་ལྷག་བཞིན་འདུག 
ཡོག་རེད་དང་ཡོད་རེད། ཡོག་རེད་ཟེརབ་དང་ཡོད་པ་རེད་ཅེས་པའི་ཁ་སྐད་ཡིན་ལས་ཆེ། དེར་ཡོད་རེད་སྤྱད་ན་བྱིངས་ཀྱིས་གོ་ཐུབ་པར་སྙམ། 
དཔེར་ན་ལྷ་སའི་ཁ་སྐད་དུ་༼འཕྲིན་ལས་ཡོང་རྒྱུ་རེད།༽ཅེས་པ་དེ་གང་དེ་ཡོང་དགོས་ངེས་ཡིན་པ་གང་ཞིག་ལ། ད་དུང་སླེབས་མེད་ཅེས་པའི་དོན་དུ་འཇུག་ཅིང་། དེ་ཡིག་སྐད་དུ་གོ་བ་ལེན་སྟངས་ལྟར་ན་༼གང་ཞིག་ནས་འབྱོར་རྒྱུ་ཡིན་པ་ལ། ཡོང་དགོས་ངེས་ཀྱི་གོ་དོན་མི་ལྡན་པར་སྙམ། ༽ 
འདི་དང་དེ། འདི་ནི་ཉེ་ཚིག་དང་དེ་ནི་རིང་ཚིག་ཡིན། དཔེར་ན་ཧི་མ་ལ་ཡའི་གློག་བརྙན་ཁྲོད་དུ་སྐུ་ཞབས་ནོར་བུས་ལྡེབས་རིས་ལ་ཅེར་བཞིན་ལྡེབ་རིས་འདི་ནི་་་་་་་་་་་་ཟེར་བ་ཡིན་མོད། ཡིག་བསྒྱུར་གྱི་གོ་རིམ་ཁྲོད་ལྡེབས་རིས་དེ་ནི་ཞེས་བྲིས་འདུག
ཀྱི་དང་ཀྱིས། བྱེད་སྒྲ་དང་འབྲེལ་སྒྲའི་ཁྱད་པར། བྱེད་པ་པོ་ཡོད་པའི་ལས་ཚིག་མང་པོ་ཞིག་ལ་འབྲེལ་སྒྲ་བྲིས་འདུག དཔེར་ན་འཕྲིན་ལས་ཀྱི་བཤད། ཟེར་བ་ལྟ་བུ།
མིན་འདུག་དང་མི་འདུག རང་རེའི་སྔོན་བྱོན་དམ་པ་རྣམ་གྱི་ཕྱག་དཔེ་ཀློག་དུས། སྤྱིར་བཏང་མེད་པའི་དོན་ལ་མི་འདུག་བྲིས་པ་ལས་མིན་འདུག་ཅེས་བྲིས་པ་མཐོང་དཀོན་པོར་སྣང་། གལ་ཏེ་མིན་འདུག་ཅེས་པའི་མིང་ཚིག་དེ་བཀྲལ་ན་མ་ཡིན་པའི་དོན་ལ་འཇུག་པར་སྙམ།
ཉིན་དང་ཉི། དཔེར་ན་ཉི་མ་སུམ་ཅུ་ལ་ཟླ་གཅིག་ཅེས་པ་ལྟ་བུ་ལ་ཉི་མ་ཞེས་འབྲི་བ་ལས་ཉིན་མ་ཞེས་མི་འབྲི་བར་སྣང་། ཉིན་ནི་ཉི་མ་ཞེས་པའི་བསྡུས་ཚིག་ལྟ་བུར་གོ་དགོས་པར་སྙམ།
ང་དང་ངས། ལུང་སྐད་འགར་ངའི་མཉམ་དུ་འགྲོ་ཟེར་བ་ལ་ང་མཉམ་དུ་འགྲོ་ཅེས་ཟེར་བས། འདི་ནི་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་སྟངས་གཞི་བྱས་ན་ཅུང་དགོད་བྲོ་བོ་ཞིག་ཆགས་འགྲོ་གི་འདུག
བྱེད་དང་བྱས། དུས་གསུམ་ལས་ད་ལྟ་བ་དང་འདས་པའི་ཁྱད་པར།
རྒྱག་དང་བརྒྱབ། འདི་ཡང་ད་ལྟ་བ་དང་འདས་པའི་ཁྱད་པར།
འཆི་དང་ཤི། འཆི་ནི་ཤི་བའི་མ་འོངས་པ་དང་ད་ལྟ་བ། ཤི་ནི་དུས་གསུམ་ལས་འདས་པའོ།།
རྒྱུགས་དང་སོང་། རྒྱུགས་ནི་སྔོན་ལ་མྱུར་དུ་སྐྱོད་པའི་སྐུལ་ཚིག་ཡིན་པ་དང་། སོང་ནི་འགྲོ་བའི་སྐུལ་ཚིག་རེད། 
ནང་དང་ཡུལ། དབུས་གཙང་གི་ཁ་སྐད་དུ་ནང་ཟེར་ན་རང་ཁྱིམ་མམ་ཡུལ་ལ་གོ་མོད། བོད་བྱིངས་ཀྱི་ཡིག་སྐད་དུ་ནང་ཟེར་ན་ཕྱི་ནང་གཉིས་སུ་དབྱེ་བའི་ནང་ལས་རང་ཁྱིམ་མམ་ཡུལ་ལ་མི་འཇུག
བོད་མི་ཡོངས་ལ་ཁ་ཕྱོགས་ནས་བརྙན་ཡིག་གི་ལས་འདི་སྒྲུབ་ན་བོད་མི་ཡོངས་ཀྱིས་གོ་བ་ལེན་ཐུབ་པ་བསྒྱུར་རྒྱུ་ནི་གནད་དམ་པར་སྙམ། རེ་ཞིག་འདི་ཙམ་ཡིན། །

དཔྱད་མཆན་ཡོད།